Degé Kangyur volume 28, F.159.b

ཅི་ནས་ཀྱང་གཞན་གྱིས་ཤེས་པར་འགྱུར་བ་དང་། གཞན་གདུལ་བའི་དོན་དུ་གཞན་ལ་བརྗོད་པ་དང་། བསྟན་པ་དང་། བཤད་པ་དང་། གདགས་པ་དང་། རྣམ་པར་དགོད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་བརྙན་ལྟ་བུར་ཤེས་པར་བྱ་བའི་དོན་དུ། སྒྲ་སྐད་དང་བརྡར་བྱ་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་འགྱུར་བ་དེ་ལྟ་བུའི་སྒྲ་སྐད་དང་བརྡ་ཐམས་ཅད་བརྗོད་པར་བྱ། ཡོངས་སུ་གཟུང་བར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །​ལམ་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རིག་པར་བྱ་སྟེ། སེམས་ཅན་དམྱལ་བ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བ་བའི་ལམ་ཤེས་པར་བྱའོ། །​རྒྱུ་ཤེས་པར་བྱའོ། །​འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་སེམས་ཅན་དམྱལ་བ་བའི་ལམ་བཟློག་པར་བྱ་སྟེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །​འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །​བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ཤེས་པར་བྱའོ། །​རྒྱུ་ཤེས་པར་བྱའོ་འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་བཟློག་པར་བྱ་སྟེ། རྒྱུ་ལས་ཀྱང་བཟློག་པར་བྱའོ་འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །​གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་པའི་ལམ་ཤེས་པར་བྱའོ། །​རྒྱུ་ཤེས་པར་བྱའོ། །​འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་གཤིན་རྗེའི་འཇིག་རྟེན་གྱི་ལམ་ལས་ཀྱང་བཟློག་པར་བྱའོ། །​རྒྱུ་ལས་ཀྱང་བཟློག་པར་བྱའོ། །​འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །​མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། ལྷ་དང་། ཚངས་པ་རྣམས་ཀྱི་ལམ་ཤེས་པར་བྱའོ། །​རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །​ཀུན་སྣང་དང་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་། མི་ཆེ་བའི་ལྷ་རྣམས་དང་། མི་གདུང་བའི་ལྷ་རྣམས་དང་། ཤིན་དུ་མཐོང་བའི་ལྷ་རྣམས་དང་། གྱ་ནོམ་སྣང་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8477#UT22084-026-001-8477