Degé Kangyur volume 28, F.157.b

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ །​གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གང་ལ་ཡང་ངོ་བོ་ཉིད་དམིགས་སུ་མ་མཆིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཤུལ་ཏམ། སངས་རྒྱས་ཀྱི་ཤུལ་ཏམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤུལ་ཏམ། ཆོས་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ལམ་གྱིས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག །​རང་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག་གི །​རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་ཅད་ལ་བསླབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །​འདི་ལྟ་སྟེ་དཔེར་ན། བརྒྱད་པ་ནི་ཆོས་ཐམས་ཅད་ལ་བསླབས་ཤིང་། ཡང་དག་པའི་སྐྱོན་མེད་པར་འཇུག་སྟེ་ནམ་འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་འབྲས་བུ་ཐོབ་པར་མི་བྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་ཅད་ལ་བསྒྲུབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་མ་གྱུར་གྱི་བར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ། །​དེས་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །​གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱི་ན། བཅོམ་ལྡན་འདས་འདི་ལྟར་བརྒྱད་པའི་ཤུལ་ཀྱང་གཞན། རྒྱུན་དུ་ཞུགས་པའི་ཤུལ་ཀྱང་གཞན། ལན་ཅིག་ཕྱིར་འོང་བར་ཞུགས་པའི་ཤུལ་ཀྱང་གཞན། ལན་ཅིག་ཕྱིར་འོང་བའི་ཤུལ་ཀྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8473#UT22084-026-001-8473