Degé Kangyur volume 28, F.115.a

སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མ་བྲལ་བར་བྱ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་དེ་ལྟར་སྤྱོད་ན་ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་སྦྱིན་པས་ཡོངས་སུ་ཚིམ་པར་བྱས་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་། ཏིང་ངེ་འཛིན་ལ་རབ་ཏུ་བཀོད་པ་དང་། ཤེས་རབ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ཡིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཟབ་མོ་འདི་སེ་གོལ་གཏོགས་པ་ཙམ་དུ་བསྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་འདི་ལས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་། །​སངས་རྒྱས་བཅོམ་ལྡན་འདས་གང་འདས་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8388#UT22084-026-001-8388