Degé Kangyur volume 28, F.90.a

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་རྗེས་སུ་འཐུན་པའི་བཟོད་པ་སྐྱེས་ཏེ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། འབྱུང་བ་འམ། འཇིག་པ་འམ། འཆིང་བ་འམ། གཤེ་བ་འམ། འཁྱལ་བ་འམ། གཅད་པ་འམ། གཏུབ་པ་འམ། རྡེག་པ་མེད་དོ་སྙམ་པས་དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་སྤྱོས་ཏེ་ཀྱལ་ཏམ། རྡོ་དབྱུག་གིས་བརྡེགས་སམ། མཚོན་གྱིས་བཏབ་སྟེ། བཅད་གཏུབས་ཀྱང་དེ་ལ་འདི་སྙམ་སྟེ། ཀྱེ་མ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། འདི་ལ་ཆོས་གང་ལ་ཡང་སྤྱོ་བ་འམ་ཀྱལ་པ་འམ། གཅད་པ་འམ། གཏུབ་པ་འམ། བརྡེག་པ་འམ། བཅིང་བ་མེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཐབས་མཁས་པ་དང་ལྡན་པས་ལུས་དང་སེམས་ཀྱི་བརྩོན་པ་བསྐྱེད་དེ། དེ་འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་སྟོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8338#UT22084-026-001-8338