Degé Kangyur volume 28, F.76.b

སྙན་པར་བརྗོད་ཀྱང་། དེ་དེ་དག་ལ་གནོད་པའི་སེམས་མི་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ་ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་དོ། དེ་ལྟར་སྤྱོ་བ་དང་། ཀྱལ་པ་དང་། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་ཀྱང་སྦྱིན་པའི་བློ་དང་ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་ནི་སྦྱིན་པ་ཡོངས་སུ་གཏང་བར་བྱ་སྟེ། བདག་གིས་སྦྱིན་པ་ཡོངས་སུ་མི་གཏང་བར་མི་བྱའོ་ཞེས་དེ་ལུས་དང་སེམས་ཀྱིས་བརྩོན་འགྲུས་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དེའི་སེམས་འཇུག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །​གསོལ་པ། བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8311#UT22084-026-001-8311