Degé Kangyur volume 26, F.84.a

འགྱུར་རོ། །​མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །​སྐོར་རོ། །​སྐོར་བར་འགྱུར་རོ། །​དེ་ལྟ་ལགས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བ་ལགས་སོ། །​དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །​དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། མིའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ལྷའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6781#UT22084-026-001-6781