Degé Kangyur volume 28, F.43.a

དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་དུས་བྱས་པར་གྱུར་པའི་འཚོ་བའི་དབང་པོ་འགགས་པས་དབང་པོ་ཐམས་ཅད་འགག་པར་འགྱུར་རོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་ལ་སློབ་པ་ཡིན་ནོ། །​རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་མང་བ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱང་མང་བ་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རེ་རེ་ལ་ཡང་སྐུ་ཚེའི་མཐར་ཕྱིན་གྱི་བར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མ་ཆད་པར་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོའི་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8244#UT22084-026-001-8244