Degé Kangyur volume 27, F.379.a

བྱ་བ་མེད་པ་དེ་དག་ལ་རབ་ཏུ་རྟོག་པ། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་དེ་ལྟར་གྲངས་མེད་དཔག་ཏུ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ། །​གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས་ཁྱད་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་བར་མི་འགྲོ་བའོ། །​རབ་འབྱོར་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མི་དམིགས་པའོ། །​རབ་འབྱོར་ཚད་མེད་པ་ཞེས་བྱ་བ་ནི་གང་གཞལ་བར་མི་ནུས་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་ཞིང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མེད་དཔག་ཏུ་མེད་ཚད་མེད་པར་འགྱུར་བ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གྲངས་མེད་དཔག་ཏུ་མེད་ཚད་མེད་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན་གཟུགས་ཀྱང་གྲངས་མ་མཆིས། དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས། དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8132#UT22084-026-001-8132