Degé Kangyur volume 27, F.364.a

བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །​རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ། །​རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །​བསམ་གཏན་གཉིས་པ་དང་གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་གོ། །​འགོག་པའི་བར་ལ་སྙོམས་པར་འཇུག་གོ། །​རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་སྙོམས་པར་འཇུག་གོ། །​ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་གོ། །​སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །​དེ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གིས་འགོག་པའི་སྙོམས་པར་འཇུག་པ་ལ་འདྲིས་པར་བྱེད། དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱེད།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8102#UT22084-026-001-8102