Degé Kangyur volume 27, F.359.a

ཐེ་ཚོམ་ཟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །​བྱང་ཆུབ་སེམས་དཔའ་དེ་ནི་མ་ངེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པའི་ཁམས་སུ་གནས་པ་མ་ཡིན་ནོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུག་ཅིང་ནེམ་ནུར་མི་བྱེད། ཐེ་ཚོམ་མི་ཟ་ལ་ཆོས་ཉིད་ལ་བརྟེན་ཅིང་མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ལ་བརྟེན་ཏེ། གཞན་ལ་ཡིད་མི་ཆེས་པས་མི་འགྲོ་ཞིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ཅིང་། འདི་ལྟར་དཔེར་ན་དགྲ་བཅོམ་པ་ཟག་པ་ཟད་པ་གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་། ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཏོ་ཅན་གྱིས་མི་འཕྲོགས་པ་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་ཐུབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ཟློགས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་ཤིང་གཞན་གྱི་དྲིང་མི་འཇོག་པ་ཡིན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བདུད་སྡིག་ཏོ་ཅན་ནམ། མུ་སྟེགས་ཅན་དང་ཀུན་དུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8092#UT22084-026-001-8092