Degé Kangyur volume 27, F.320.b

དེ་ནི་གནས་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་མཚམས་བཅད་དེ། སེམས་ཅན་གྱི་དོན་དུ་གོ་ཆ་འཚལ་བ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་བགོས་ཤིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའི་གནས་གཉིས་སུ་དོགས་པར་མི་བྱའོ་ཞེས་སྨྲས། གསོལ་པ། བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཉི་ཚེ་ཉུང་ཟད་ཅིག་གི་སླད་དུ་གོ་ཆ་འཚལ་བ་མ་ལགས། ཡེ་ཤེས་ཆུང་ཟད་ཉི་ཚེ་ཞིག་གི་སླད་དུ་གོ་ཆ་འཚལ་བ་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་སླད་དུ་གོ་ཆ་འཚལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སླད་དུ་གོ་ཆ་འཚལ་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན་ཏེ། ཡེ་ཤེས་ཆུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་དུ་གོ་ཆ་བགོས་སོ། །​གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཤིན་དུ་ཟབ་པ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི། ཅི་ཡང་བསྒོམ་པར་མི་བགྱི། གང་དུ་ཡང་བསྒོམ་པར་མི་བགྱིའོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8015#UT22084-026-001-8015