Degé Kangyur volume 27, F.319.b

མཐོང་བ་པོ་ཡང་ཤིན་དུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་དེ་ཡང་མེད་པས། དེའི་ཕྱིར་གོ་ཆ་དེ་ནི་མཐོང་བ་པོ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡང་ཤིན་དུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མེད་པས། དེའི་ཕྱིར་གོ་ཆ་དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཤིན་དུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མེད་པས། དེའི་ཕྱིར་གོ་ཆ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ནང་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱང་ཤིན་དུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་དེ་ཡང་མེད་པས། དེའི་ཕྱིར་གོ་ཆ་དེ་ནི་ནང་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཤིན་དུ་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་ཡང་མེད་པས། དེའི་ཕྱིར་གོ་ཆེ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8013#UT22084-026-001-8013