Degé Kangyur volume 27, F.315.a

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལ་ས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མེད་པ་ལ་འགྲོ་བ་འམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱ་བ་མེད་པ་ལ་འགྲོ་བ་འམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འང་འོ། །​དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་མི་འགག་པ་ལ་འགྲོ་བ་འམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་གྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། རབ་འབྱོར་ཆོས་ཐམས་ཅད་ནི་སྒྱུ་མའི་ངང་ཚུལ་ཅན་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-8004#UT22084-026-001-8004