Degé Kangyur volume 27, F.305.a

གང་སྲུང་བ་དང་། བཟོད་པ་དང་གང་དང་གང་སྒྲུབ་པ་དང་། བརྩོན་འགྲུས་གང་དང་གང་རྩོམ་པ་དང་། བསམ་གཏན་གང་དང་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་གང་དང་གང་སྒོམ་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག། རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་སུ་རྟོག་པར་མ་བྱེད་ཅིག །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་རྟོག་པར་མ་བྱེད་ཅིག །​སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་རྟོག་པར་མ་བྱེད་ཅིག །​རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་རྟོག་པར་མ་བྱེད་ཅིག །​རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནང་སྟོང་པ་ཉིད་དུ་རྟོག་པར་མ་བྱེད་ཅིག །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྟོག་པར་མ་བྱེད་ཅིག །​རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དྲན་པ་ཉེ་བར་གཞག་པ་རྣམས་སུ་རྟོག་པར་མ་བྱེད་ཅིག །​ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7984#UT22084-026-001-7984