Degé Kangyur volume 27, F.304.a

འཇུག་གོ་སྙམ་དུ་མི་སེམས་སོ། །​འདི་ལྟར་དེ་དག་ནི་ཤེས་རབ་སྒོམ་མོ། །​ཤེས་རབ་ནི་འདི་སྒོམ་མོ་སྙམ་དུ་མི་སེམས་སོ། །​དེ་སྦྱིན་པ་རློམ་སེམས་སུ་མི་བྱེད། སྦྱིན་པས་རློམ་སེམས་སུ་མི་བྱེད། བདག་ནི་སྦྱིན་པ་བྱེད་པའོ། །​ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་ཚུལ་ཁྲིམས་རློམ་སེམས་སུ་མི་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །​ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་བཟོད་པ་རློམ་སེམས་སུ་མི་བྱེད། བཟོད་པས་ལོ་མ་སེམས་སུ་མི་བྱེད། བདག་ནི་བཟོད་པ་དང་ལྡན་པའོ། །​ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་བརྩོན་འགྲུས་རློམ་སེམས་སུ་མི་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ། །​ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་བསམ་གཏན་རློམ་སེམས་སུ་མི་བྱེད། བསམ་གཏན་གྱིས་རློམ་སེམས་སུ་མི་བྱེད། བདག་ནི་བསམ་གཏན་པའོ་ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་ཤེས་རབ་རློམ་སེམས་སུ་མི་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ། །​ཞེས་རློམ་སེམས་སུ་མི་བྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་རྣམ་པར་མི་རྟོག་པས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེ་ནི་ཕ་རོལ་དུ་ཕྱིན་པ་མེད་པའོ། །​དེ་ལྟར་དེ་རྣམ་པར་མི་རྟོག་པས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ནི་ཕ་རོལ་དུ་ཕྱིན་པ་མེད་པའོ། །​དེ་ལྟ་ཡང་ཡིན་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ཡང་རིང་དུ་སོང་བ་ཤེས་ཤིང་། ཕ་རོལ་ཤེས་ཀྱང་དེ་རློམ་སེམས་མེད་དེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7982#UT22084-026-001-7982