Degé Kangyur volume 27, F.302.b

དེ་ནི་ཕ་རོལ་དུ་ཕྱིན་པ་མེད་པའོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ནི་ཕ་རོལ་དུ་ཕྱིན་པ་མེད་པའོ། །​དེ་ལྟ་ཡིན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་རིང་དུ་སོང་བ་ཡང་མི་ཤེས། ཕ་རོལ་ཡང་མི་ཤེས་ཏེ། དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་། །​རབ་འབྱོར་ཇི་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐོག་མར་སྦྱིན་པ་ཡོངས་སུ་གཏོང་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་ངོ་། །​ཚུལ་ཁྲིམས་སྲུང་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་ངོ་། །​བཟོད་པ་སྒོམ་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་བཟོད་པ་སྒོམ་མོ། །​བརྩོན་འགྲུས་རྩོམ་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་མོ། །​བསམ་གཏན་སྒོམ་ན། བདག་དང་བདག་གིས་བྱང་བར་མ་ལྟུང་བའི་སེམས་ཀྱིས་བསམ་གཏན་སྒོམ་མོ། ཤེས་རབ་སྒོམ་ན། བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་ཤེས་རབ་སྒོམ་སྟེ། དེ་འདི་སྙམ་དུ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །​འདི་ལ་སྦྱིན་པ་གཏོང་ངོ་ཞེས་བྱ་བར་མི་སེམས་སོ། །​བདག་ནི་ཚུལ་ཁྲིམས་སྲུང་ངོ་། །​ཚུལ་ཁྲིམས་ནི་འདི་སྲུང་ངོ་། །​བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7979#UT22084-026-001-7979