Degé Kangyur volume 27, F.299.a

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡོངས་སུ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བར་མ་དོར་ཉེ་ཞོར་མི་འགྱུར་བར་རིག་པར་བྱའོ། །རབ་འབྱོར་དེ་ནི་དེ་ལྟར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། ཐབས་མཁས་པས་ཡོངས་སུ་ཟིན་པར་གྱུར། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་མི་ལྷུང་ངོ་། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ན་ཚོད་ཀྱིས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ། རྒོག་ཏུ་གྱུར་པ། འཁོགས་པ་ཞིག་ཡོད་ལ། དེའི་ལུས་ལ་རླུང་དམ། མཁྲིས་པའམ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7972#UT22084-026-001-7972