Degé Kangyur volume 27, F.296.a

རྐྱལ་པའམ། རོ་ལ་འཇུ་ཞིང་འཛིན་པ་དེ་དག་ནི་རྒྱ་མཚོར་དུས་བྱེད་པར་མི་འགྱུར་ཏེ། བདེ་ཞིང་ཉམ་ཉེས་མེད་པར་རྒྱ་མཚོ་ཆེན་པོ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་འགྱུར་ཏེ། མ་ཉེས་མ་ཉམས་པར་ཐང་ལ་ཕྱིན་པར་འགྱུར་རོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་ཙམ་དང་། དགའ་བ་ཙམ་དང་། མོས་པ་ཙམ་དང་ལྡན་པ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འདྲི་མི་སྟོན། །​ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་མི་རྟེན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མི་འདྲི་མི་སྟོན། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་མི་རྟོན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འདྲི་མི་སྟོན། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་། མི་རྟེན་པ་དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7966#UT22084-026-001-7966