Degé Kangyur volume 27, F.249.a

ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །​སངས་རྒྱས་ཀྱི་ཞིང་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །​བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བའི་ཚེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བ་ལས་ཀྱང་། ལ་ལས་ནི་བཙལ་བ་ལས་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར། ལ་ལས་ནི་ཐོབ་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་དེ་ལྟ་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་འགྲུས་མི་གཏོང་བ་དེ་དག་ཀུན་གྱིས་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ། །​གསོལ་པ། ཅི་ལགས་བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་ཀུན་ཀྱང་འགྲུབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་མི་འགྲུབ་པར་འགྱུར་བ་དེ་ལྟ་བུའི་གནས་མེད། སྐབས་མེད་དོ་དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་རྣམས་ཡང་དག་པར་སྟོན་ཅིང་ཡང་དག་པར་སྐུལ་བ་དང་། ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། འགོད་ཅིང་རབ་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7872#UT22084-026-001-7872