Degé Kangyur volume 27, F.246.b

པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །​གསོལ་པ། བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་མོས་པར་བགྱིད་པ་དང་། མོས་པར་བགྱིས་ནས་འདྲི་ཞིང་འཛིན་པ་དང་འཆང་ཞིང་ཀློག་པ་དང་ཀུན་ཆུབ་པར་བགྱིད་ཅིང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་དེ་ལྟ་བུ་ཇི་སྙེད་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་མང་དུ་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མི་འཇུམ་ཡོངས་སུ་མི་འཇུམ་མི་འཇིགས་མི་སྡང་སྐྲག་པར་མི་འགྱུར་བ་དེ་ལྟ་བུ་ནི་མང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས། ཡོངས་སུ་དྲིས་པའི་ཕྱིར་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །​རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །​རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནང་སྟོང་པ་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7867#UT22084-026-001-7867