Degé Kangyur volume 27, F.245.b

པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་། བྱང་ཕྱོགས་ཀྱི་རྒྱུད་ན། ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ། སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པའོ། །​ཤ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ། དམ་པའི་ཆོས་ནུབ་པར་མི་འགྱུར་ཏེ། ཆོས་དེ་ཡང་གང་ཞེན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའོ། །​ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ། །​ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་བྲིས་ནས་ཀྱང་། མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་པ་དེ་དག་ཀྱང་ངས་དགོངས་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མི་འདོད་སྟེ། དེ་དག་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་དུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །​དེ་དག་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7865#UT22084-026-001-7865