Degé Kangyur volume 27, F.238.b

བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​རབ་འབྱོར་ནང་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་བསྟན་ཏོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7851#UT22084-026-001-7851