Degé Kangyur volume 27, F.232.b

བསྲུངས་པ་དང་། སྦྱིན་པ་ཡོངས་སུ་བཏང་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པར་རིག་པར་བགྱིའོ། །​བཅོམ་ལྡན་འདས་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་པར་གྱུར་ཏེ། ཐོས་ནས་ཀྱང་འཛིན་ཅིང་དེ་བཞིན་ཉིད་ཏུ་ནན་ཏན་དུ་བགྱིད་པ་དེ་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི་ཡུན་རིང་པོ་ནས། ཐེག་པ་ལ་ཡང་དག་པར་ཞུགས་ཤིང་དགེ་བའི་རྩ་བ་བསྐྱེད་པའོ། །​སངས་རྒྱས་མང་པོ་བསྙེན་བཀུར་བའོ། །​དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་ཉེ་བར་གྱུར་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །​བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཐད་ཅིང་འཐད་པར་གྱུར་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བགྱི་བདག་གོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་འབྲོག་དགོན་པ་དཔག་ཚད་བརྒྱ་པ་ཞིག་ནས་འབྱུང་ངམ། འབྲོག་དགོན་པ་དཔག་ཚད་ཉིས་བརྒྱ་པ་དང་། སུམ་བརྒྱ་པ་དང་བཞི་བརྒྱ་པ་དང་། ལྔ་བརྒྱ་པ་ནས་འབྱུང་བ་ཞིག་མཆིས་ལ། དེ་འབྱུང་བའི་ཚེ་གྲོང་དང་། གྲོང་ཁྱེར་དང་གྲོང་རྡལ་དང་ཁམས་དང་རྒྱལ་པོའི་ཕོ་བྲང་འཁོར་གྱི་སྔ་ལྟས་བ་ལང་རྫི་འམ། ཕྱུགས་རྫི་འམ། ས་མཚམས་སམ། བཟའ་ཤིང་གི་ར་བ་ཕུན་སུམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7839#UT22084-026-001-7839