Degé Kangyur volume 27, F.231.a

ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ནོ། །​ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའི་ཚད་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཚད་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དེ་ལྟར་ཟབ་པོ། །​དེ་ལྟར་གཏིང་དཔག་དཀའོ། །​དེ་ལྟར་རྟོགས་པར་དཀའོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དེ་ལྟར་ཚད་མ་མཆིས་པའོ། །​བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བཤད་པར་མི་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། འཇིགས་སྔང་ཤིང་སྐྲག་པར་འགྱུར་དུ་མཆིའོ། །​ཐེ་ཚོམ་དང་ནེམ་ནུར་འཚལ་དུ་མཆིའོ། །​མོས་པ་མ་མཆིས་པར་འགྱུར་དུ་མཆིའོ། །​བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པར་བགྱི་སྟེ། དེས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་རོ། ཐེ་ཚོམ་དང་ནེམ་ནུར་འཚལ་བར་མི་འགྱུར་ཏེ། ཐོས་ནས་ཀྱང་གོང་ནས་གོང་དུ་མོས་པ་དང་འཛིན་པ་དང་། འཆང་བ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7836#UT22084-026-001-7836