Degé Kangyur volume 27, F.203.a

དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཆགས་པའམ། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་ཆགས་པའམ། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཆགས་པའམ། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །​རང་བྱང་ཆུབ་ཆགས་པའམ། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པའམ། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །​གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་མི་འཕེལ། མ་བསྟན་ཀྱང་མི་འཕེལ་བ་ངོ་མཚར་ཆེའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །​རབ་འབྱོར་དེ་དེ་བཞིན་ཏེ། ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་མི་འཕེལ་མ་བསྟན་ཀྱང་མི་འཕེལ་ལོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་འཚོའི་བར་དུ་བཞུགས་ཤིང་། ནམ་མཁའི་ལེགས་པའམ། མ་ལེགས་པ་བརྗོད་ཀྱང་། ནམ་མཁའ་ནི་ལེགས་པ་བརྗོད་པས་ཡོངས་སུ་འཕེལ་བ་མེད་དོ། །​ཉེས་པ་བརྗོད་པས་ཡོངས་སུ་འགྲིབ་པ་མེད་དོ། །​ནམ་མཁའ་ནི་ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་འཕེལ་བ་མེད་དོ། །​ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མེད་དོ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་མེད་དོ། །​ཉེས་པ་བརྗོད་ཀྱང་ཡོངས་སུ་འགྲིབ་པ་མེད་དོ། །​ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མེད་དོ། །​ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མེད་དོ། །​རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན། མ་བསྟན་ཀྱང་དེ་བཞིན་ནོ། །​གསོལ་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7780#UT22084-026-001-7780