Degé Kangyur volume 27, F.173.b

གཟུགས་བརྙན་དུ་ཡང་འགྱུར་རེ་སྐན། ཤ་ར་དྭ་ཏིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བར་ཡང་མ་གནང་ན་འཕྲད་པར་ལྟ་ཅི་སྨོས་ཏེ། འགྲོགས་པར་ལྟ་སྨོས་ཀྱང་མི་སྨོས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ཆོས་ལ་སྐྱོན་འདོགས་པར་རིག་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་ནི་བློ་ངན་པའི་ཚུལ་ཅན། ཕྱོགས་ནག་པོའི་ཚུལ་ཅན་དུ་རིག་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དག་གི་ངག་མཉན་པར་སེམས་པའམ། དེ་དག་ལ་ཡིད་ཆེས་པར་བྱ་བར་སེམས་པ་དེ་དག་ཀྱང་ཚུལ་མ་ཡིན་པའི་འཇིགས་པས་འཕུང་བར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྐྱོན་འདོགས་པ་དེ་ནི། ཆོས་ལ་སྐྱོན་འདོགས་པར་རིག་པར་བྱ་སྟེ། སེམས་ཅན་དམྱལ་བ་པའམ། བྱོལ་སོང་གི་སྐྱེ་གནས་པ་འམ། གཤིན་རྗེའི་འཇིག་རྟེན་པར་རིག་པར་བྱའོ། །​གསོལ་པ་བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་ད་དུང་མ་གསུངས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པའི་ལུས་ཀྱི་ཚད་ནི་མ་གླེང་ཤིག །​དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་ཐོས་ན། །​མོད་ལ་ཁྲག་ཏུ་སྐྱུག་པར་འགྱུར་བའམ། འཆི་བའམ། སྲོག་ལ་འབབ་པའི་སྡུག་བསྔལ་ལམ། མྱ་ངན་གྱི་ཟུག་རྔུ་སྐྱེ་བ་འམ། ལྡུམ་བུ་བརྔས་པ་ལྟར་སྐམས་ཤིང་རྙིང་པར་འགྱུར་དུ་འོང་སྟེ། གང་ཟག་དེར་སྐྱེས་པའི་ལུས་ཀྱི་ཚད་ནི་ཐོས་ན་ཡང་ཉེས་པ་དེ་ལྟ་བུ་ཡོད་པ་དེ་ཙམ་སྟེ། དེའི་ལུས་ཀྱི་ཚད་ནི་དེ་ཡིན་ནོ། །​ཞེས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྐབས་དབྱེ་བ་མ་མཛད་དོ། །​གསོལ་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཆོས་འཇིག་པར་འགྱུར་པའི་སུག་ལས་བགྱིས་ཤིང་བསྩགས་པ་དེས། ཆོས་ལ་སྐྱོན་འདོགས་པའི་གང་ཟག་ལུས་འདི་འདྲ་བ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བགྱི་བས་ནི། མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7721#UT22084-026-001-7721