Degé Kangyur volume 27, F.172.b

ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་འཕངས་པར་འགྱུར། ལྷོ་དང་ནུབ་དང་། བྱང་དང་བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་དུ་འཕང་བར་འགྱུར་རོ། །​དེ་དག་དུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས། སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེར་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བ་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆོས་འཇིག་པར་འགྱུར་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེས་ཏེ། དེ་དག་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །​དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་འབབ་པར་འགྱུར་རོ། །​དེ་དག་དུ་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །​དེ་དག་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་། དེ་དག་ནས་ཤི་འཕོས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་དུ། བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །​ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་། ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་དུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། དེ་དག་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །​དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བའི་ལས་ཟད་ནས། ཅི་སྟེ་བརྒྱ་ལ་མིར་སྐྱེ་བ་ཐོབ་ན་ཡང་། ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་བསགས་པ་དང་བསྒྲུབས་པ་དང་། ཚང་པ་དང་། རྫོགས་པའི་རྣམ་པར་སྨིན་པ་དེས། དེ་དག་གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7719#UT22084-026-001-7719