Degé Kangyur volume 27, F.171.b

ཙམ་གྱིས་འགྲུབ་པར་འགྱུར་ཏེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། ནམ་ཡང་མའི་མངལ་དུ་མི་སྐྱེ་ལ། ནམ་ཡང་མངོན་པར་ཤེས་པ་རྣམས་དང་མི་འབྲལ་ཞིང་། ཉོན་མོངས་པ་གང་དང་ཡང་མི་འགྲོགས་ལ། ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་ཀྱི་སེམས་དང་ལྷན་ཅིག་མི་གནས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དེ་ལྟ་བུའི་རྣམ་གྲངས་ཡོད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་མཐོང་ཞིང་། དེ་དག་གི་དྲུང་དུ་དམིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒོམས་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་གཏན་བསྐྱེད་པ་དང་། ཤེས་རབ་བསྒོམས་པ་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། རིམ་གྲོ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་ནས་གུད་དུ་འདོང་བའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་འདོང་འདོང་བ་སྟེ་དེ་དག་ནི་ད་ལྟར་བྱུང་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་བར་འགྱུར་ཏེ། ལུས་དང་སེམས་ཀྱིས་འཐུན་པར་སྤྱོད་པར་མི་འགྱུར་རོ། །​དེ་དག་ནི་ཤེས་རབ་འཆལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7717#UT22084-026-001-7717