Degé Kangyur volume 27, F.170.b

འདི་ལ་མི་གཉིས་པ་དང་། དམིགས་པའི་ཚུལ་དུ་དོན་དང་ཚུལ་གྱིས་རྗེས་སུ་འབྲང་བར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཉན་པའམ་ལྟ་བར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནི་ཉན་པ་མེད་དོ། །​ལྟ་བ་མེད་དོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་མི་ཉན་མི་ལྟའོ། །​ཆོས་ལ་སེམས་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​དེ་བཞིན་དུ་ཆོས་ལ་སེམས་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་ནང་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། ཆོས་ལ་སེམས་མེད་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7715#UT22084-026-001-7715