Degé Kangyur volume 27, F.133.a

དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །​ཀུན་ཆུབ་པར་གྱིས་ཤིག །​ཆོངས་ཤིག །​ལྷོགས་ཤིག །​ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །​ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག །​རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་བསྟན་པ་ལ་ནན་ཏན་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །​རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །​གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །​གང་གི་ཚེ་ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་དག་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །​ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་ལྟ་ཡང་ཞོག །​གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག །​སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག །​སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་ལྟ་ཡང་ཞོག་གི། །​ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-7640#UT22084-026-001-7640