Degé Kangyur volume 101, F.47.a

ཀྱི། །​སྤུ་རྣམས་ཀུན་ནས་ཆོས་རྣམས་བསམ་མི་ཁྱབ། །​བྱུང་བ་ཐོས་ནས་མོས་པ་ཐམས་ཅད་ཚིམ། །​རྐྱེན་ལས་བྱུང་བ་མ་སྐྱེས་ངོ་བོ་ཉིད། །​རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་སྐུ་སྟེ། །​ཆོས་ཉིད་མཁའ་བཞིན་རྟག་ཏུ་གནས་སོ་ཞེས། །​བརྗོད་པས་ཆོས་རྣམས་སྦྱོང་བ་ཐོབ་པར་འགྱུར། །​འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །​དྲང་སྲོང་རྣམས་ཀྱི་སྤུ་ཡི་སྒོ་གཅིག་ནས། །​འོད་ཟེར་གང་གཱའི་བྱེ་མ་སྙེད་འབྱུང་སྟེ། །​ཀུན་ཀྱང་ལས་སྦྱོར་ཐ་དད་ཚུལ་ཅན་ནོ། །​ཇི་ལྟར་དེ་དག་སྤུ་ཡི་སྒོ་གཅིག་ནས། །​འོད་ཟེར་གང་གཱའི་བྱེ་མ་སྙེད་འབྱུང་བ། །​མ་ལུས་སྤུ་རྣམས་ཀུན་ནས་དེ་བཞིན་ཏེ། །​དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །​ཡོན་ཏན་གང་གིས་འོད་ཟེར་གང་གྲུབ་པའི། །​ཡོན་ཏན་དེ་གྲོགས་སྔོན་ཆད་གང་གྱུར་པ། །​དེ་དག་ཉིད་ལས་འོད་ཟེར་རབ་འབྱུང་སྟེ། །​དྲང་སྲོང་ཡེ་ཤེས་རྣམ་འཕྲུལ་འདི་འདྲའོ། །​དེ་དག་བསོད་ནམས་སྔོན་གྲོགས་གང་ཡིན་ལ། །​རྗེས་སུ་ཡི་རང་གསོལ་བ་སུས་བཏབ་དང་། །​གང་གིས་མཐོང་སྟེ་དགེ་བ་བསགས་གྱུར་པ། །​དེ་དག་ཀུན་གྱིས་འོད་ཟེར་དེ་དག་ཤེས། །​གང་དག་བསོད་ནམས་བྱས་ཤིང་དགེ་བསགས་དང་། །​གང་དག་ཡང་ཡང་སངས་རྒྱས་རྣམས་མཆོད་ཅིང་། །​སངས་རྒྱས་ཡོན་ཏན་འདུན་ཏེ་དོན་གཉེར་བ། །​དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ། །​དཔེར་ན་དམུས་ལོང་ཉི་མ་མི་མཐོང་ཡང་། །​དེ་མེད་མ་ཡིན་འཇིག་རྟེན་དག་ཏུ་འཆར། །​མིག་དང་ལྡན་པས་ཤར་བར་ཤེས་གྱུར་ནས། །​ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག །​དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །​རབ་ཏུ་འབྱུང་ཡང་ལོག་པས་ཉེན་གྱུར་ཅིང་། །​མོས་ཉམས་ཕལ་པ་རྣམས་ཀྱིས་མི་མཐོང་སྟེ། །​བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །​དཔེར་རྒྱན་ནོར་བུ་བཞོན་པ་གཞལ་མེད་ཁང་། །བཅུད་ཀྱིས་ལེན་དང་རིན་ཆེན་བྱུག་པ་སྤོས། །​དེ་དག་སྐྱེ་བོ་ཆེ་ལ་ཡོད་མོད་ཀྱི། །​ཕོངས་པར་གྱུར་པ་རྣམས་ལ་དེ་དག་མེད། །​དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་མོད། །​དེ་དག་ཡོད་ཀྱང་ལོག་པས་ཉེན་གྱུར་ཅིང་། །​མོས་པ་ཉམས་པ་རྣམས་ཀྱིས་མི་མཐོང་སྟེ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh847.html?part=UT22084-057-004-2736#UT22084-057-004-2736