Degé Kangyur volume 101, F.9.a

བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུ་ལས་སེམས་ཅན་དགུ་ཁྲི་ཉིས་སྟོང་གིས་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་ཏ་ལ་ལ་སྦྱོར་བ་མཐའ་ཡས་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་སོ། །​བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕ་རོལ་ནས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་ཞལ་མངོན་པར་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་མཚན་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཐུན་པ་ཤ་སྟག་གོ། །​ཕྱོགས་གཅིག་ཇི་ལྟ་བར་ཕྱོགས་བཅུ་རྣམས་ནས་ཀྱང་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཆོས་ཀྱི་བློ་གྲོས་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྦྱོར་བ་མཐའ་ཡས་པ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །​རིགས་ཀྱི་བུ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འདི་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་བྱིན་གྱི་རླབས་དང་། ཁྱོད་ཉིད་ཀྱི་དགེ་བའི་རྩ་བས་ཉེ་བར་བརྟན་པས་འདི་ལྟ་སྟེ་ཆོས་ཐམས་ཅད་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་སྦྱང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་འཕེལ་བར་བྱ་བ་དང་། ཆོས་ཀྱི་དབྱིངས་སུ་འཇུག་པར་བྱ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་དགྲོལ་བ་དང་། ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་ཅིང་ཆུད་པར་བྱ་བ་དང་། ཀུན་དུ་སྦྱོར་བར་བྱ་བ་དང་། སྐད་ཐམས་ཅད་བརྗོད་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་བྱ་བ་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཡོངས་སུ་ཤེས་པའི་ཆོས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh847.html?part=UT22084-057-004-2589#UT22084-057-004-2589