Degé Kangyur volume 44, F.100.b

རྣམས་ཀྱི་སྤྱན་སྔར་པད་མ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །​བརྒྱད་གང་ཞེ་ན། སྲོག་ལ་བབ་པར་གྱུར་ཀྱང་གཞན་གྱི་ཉེས་པ་མི་རྗོད་པ་དང་། སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་སྐུལ་བ་དང་། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་འགོད་པ་དང་། ཚངས་པར་སྤྱོད་པ་ལ་གོས་པ་མེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་བྱས་ནས་པད་མོའི་གདན་ལ་འཇོག་པ་དང་། སེམས་ཅན་མྱ་ངན་བྱེད་པ་དག་གི་མྱ་ངན་སེལ་བར་བྱེད་པ་དང་། ཁེངས་ཤིང་ང་རྒྱལ་བྱེད་པ་དག་གི་མདུན་དུ་རྟག་པར་བདག་ཉིད་དམན་པར་བྱེད་པ་དང་། གཞན་ལ་འཚེ་བར་མི་བྱེད་པ་གང་ཡིན་པའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་སྡུག་བསྔལ་གཟིར་གྱུར་ཀྱང་། །​ནམ་ཡང་གཞན་གྱི་སྐྱོན་མི་སྨྲ། །​རྟག་པར་དཀོན་མཆོག་གང་བསྔགས་པ། །​སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །​བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །​ཐམས་ཅད་མཁྱེན་པ་གཉེར་བསྐུལ་ནས། །​རྟག་པར་ཚངས་པར་གང་སྤྱོད་པ། །​སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །​གསེར་གྱིས་སངས་རྒྱས་གཟུགས་བརྒྱན་ཏེ། །​རིན་ཆེན་པད་མའི་གདན་ལ་བཞག །​སེམས་ཅན་མྱ་ངན་གང་སེལ་བ། །​སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །​ང་རྒྱལ་བྱེད་པ་དེ་དག་ལ། །​སློབ་མ་བཞིན་དུ་བདག་དམན་ཞིང་། །​གཞན་ལ་གང་ཞིག་མི་འཚེ་བ། །​སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་བརྒྱད་དང་ལྡན་པར་གྱུར་ན་སྦྱངས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་ཞིང་རྟག་པར་དགོན་པ་ན་གནས་པ་ལ་མོས་པར་འགྱུར་རོ། །​བརྒྱད་གང་ཞེ་ན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། དགེ་བའི་ཆོས་ཡོངས་སུ་རྫོགས་པར་གྱུར་པ་དང་། དགེ་བས་བདག་ཉིད་གསོ་བར་བྱེད་པ་དང་། རྟག་པར་འཕགས་པའི་རིགས་ཡོངས་སུ་འཛིན་པ་དང་། འཁོར་བའི་ཉེས་དམིགས་མཐོང་བས་སེམས་ལ་རྟག་པར་སྐྱོ་བ་དང་། རྟག་པར་མི་རྟག་པ་དང་། སྡུག་བསྔལ་བ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh84.html?part=UT22084-044-004-351#UT22084-044-004-351