Degé Kangyur volume 44, F.100.a

།གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ནི་ཆོས་བརྒྱད་དང་ལྡན་པའི་ཕྱིར་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་འཐོབ་པར་འགྱུར་རོ། །​བརྒྱད་གང་ཞེ་ན། ཆོས་ལ་བླ་མར་བྱེད་པའི་ཕྱིར་དང་། མཁན་པོ་དང་། སློབ་དཔོན་ལ་རིམ་གྲོ་བྱེད་པའི་ཕྱིར་དང་། ཆོས་ཡོངས་སུ་གཉེར་བ་ལ་སྐྱོ་བ་མེད་པའི་ཕྱིར་དང་། ཇི་སྐད་ཐོས་པ་བཞིན་དུ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིར་དང་། ཆོས་ལ་སེར་སྣ་མི་བྱེད་པའི་ཕྱིར་དང་། གཞན་གྱི་ཉེས་པ་སྒྲོགས་པར་མི་བྱེད་པའི་ཕྱིར་དང་། །​ཆོས་སྨྲ་བ་དག་ལ་མཁན་པོ་བཞིན་དུ་གུས་པས་སྲི་ཞུ་བྱེད་པའི་ཕྱིར་དང་། གཞན་གྱི་ཉེས་པ་མི་མཐོང་ཞིང་ཉེས་པ་སྤོང་བར་སྐུལ་བར་བྱེད་པའི་ཕྱིར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་ཞེས་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྩེ་གཅིག་རྟག་ཏུ་ཆོས་གཉེར་བ། །​མཁན་པོ་དགེ་བཤེས་རིམ་གྲོ་བྱེད། །​སྡིག་པའི་གྲོགས་པོ་སྤོང་བས་ན། །​མི་ཟད་གཏེར་འཛིན་ཐོབ་པར་འགྱུར། །​མང་ཐོས་ཡོངས་སུ་སྐྱོ་མེད་པར། །​རབ་བརྩོན་ཆོས་ནི་གཉེར་བར་བྱེད། །​ཇི་སྐད་ཐོས་བཞིན་སྟོན་བྱེད་པས། །​རྙེད་པ་དག་ལ་རེ་ཚོལ་མེད། །​སྤོབས་པ་རྣམ་དག་གང་ཐོབ་པ། །​འཁོར་མང་དགའ་བར་བྱེད་པས་ན། །​ཆོས་སྦྱིན་པ་ལ་རབ་མོས་ཤིང་། །​སེར་སྣ་ཕྲག་དོག་སྤོང་བར་བྱེད། །​ཆོས་སྤྱོད་མངོན་པར་ཞེན་མེད་ཅིང་། །​གཟུངས་ནི་གང་ཞིག་ཐོབ་འགྱུར་བ། །​ཁྲིམས་སྲུང་རང་ལུས་ལྟ་བས་ན། །​གཞན་གྱི་ཉེས་སྐྱོན་ཡོང་མི་ཚོལ། །​བྱམས་དང་སྙིང་རྗེ་གནས་གྱུར་ཅིང་། །​དུས་མིན་ཚིག་ནི་མི་སྨྲ་བས། །​ཐོགས་མེད་སྤོབས་པ་ཐོབ་གྱུར་ནས། །​སྤྲོ་ཚིག་ཕ་རོལ་ཕྱིན་པ་སྟོན། །​ཆོས་ནི་ལེགས་པར་སྨྲ་བ་ལ། །​མཁན་པོ་བཞིན་དུ་གུས་པར་བྱེད། །​སྐྱོན་འཆབ་ཉེས་པ་སྤོང་སྐུལ་བས། །​མི་ཟད་ཀུན་འཛིན་རྒྱ་མཚོ་འཐོབ། །​གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ནི་ཆོས་རྣམ་པ་བརྒྱད་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱན་སྔར་པད་མ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh84.html?part=UT22084-044-004-350#UT22084-044-004-350