Degé Kangyur volume 44, F.96.a
ཡུན་རིང་བསོད་ནམས་རྣམ་དག་ཕྲིན་ལས་བསགས། །ཡོན་ཏན་རྒྱ་མཚོ་མཐའ་ཡས་ཡོངས་རྫོགས་ཤིང་། །མང་པོ་དད་མོས་དགའ་བར་མཛད་པས་ན། །དེ་སླད་ཐུབ་མཆོག་ཁྱོད་ལ་བདག་ཕྱག་འཚལ། །གཟི་བྱིན་ལྷམ་མེ་ཡ་མཚན་རབ་སྟོན་ཅིང་། །རིན་ཆེན་འབྱུང་གནས་ཆོས་སྒོ་སྟོན་པར་མཛད། །སྐུ་ཡི་འོད་ཟེར་འདོམ་གང་རྟག་གསལ་བ། །བློ་ཆེན་བསིལ་བའི་རྫིང་ལ་བདག་ཕྱག་འཚལ། །ཡོན་ཏན་ལྗོན་ཤིང་བསོད་ནམས་བས་མ་འཚལ། །མི་མཆོག་ཁྱོད་ལ་འཇིག་རྟེན་ཀུན་གྱིས་བསྔགས། །སྨོན་ལམ་ཆེན་པོ་ཚུལ་ཁྲིམས་ཡོངས་རྫོགས་པས། །དེ་སླད་མཆོད་འོས་གཙོ་ལ་བདག་ཕྱག་འཚལ། །ཆོས་མཆོག་རབ་གནས་རྟག་པར་ཞི་ཞིང་དབེན། །འཇིག་རྟེན་ཀུན་ལ་ཐུགས་སྙོམས་བུ་གཅིག་བཞིན། །མཁྱེན་པ་དག་གིས་སྤྱོད་རྣམས་རབ་མཁྱེན་པས། །འདྲེན་མཁན་བཞིན་དུ་མཉམ་པའི་ཤུལ་ཡང་སྟོན། །རབ་བརྟན་བརྩོན་འགྲུས་ལྡན་པ་མཆིས་གྱུར་ན། །བྱམས་དང་ཐུགས་རྗེས་སེམས་ཅན་སྨན་མཛད་པས། །བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ལགས་པ། །དེ་བཞིན་གཤེགས་པས་བཀས་ནི་བཤད་དུ་གསོལ། །ཇི་ལྟར་རབ་བརྟན་སྟོབས་ནི་ཐོབ་གྱུར་ནས། །འཁོར་བར་གནས་ཀྱང་བདུད་དཔུང་ཕམ་བགྱིད་ལགས། །ཇི་ལྟར་མཉམ་པའི་ཆོས་ནི་ཐོབ་འགྱུར་ཞིང་། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་བགྱིད་ལགས། །ཇི་ལྟར་བགྱིས་ན་ས་གཞི་ནམ་མཁའ་དང་། །རླུང་དང་ཆུ་མེ་ཇི་ལྟ་བཞིན་དུ་འགྱུར། །ཇི་ལྟར་ཡིད་ཆེས་ཐོབ་ནས་ཆོས་གནས་ཤིང་། །རི་རབ་སེང་གེའི་རྒྱལ་པོ་བཞིན་དུ་འགྱུར། །ཇི་ལྟར་བྱམས་སྡང་སེམས་ནི་ཡོངས་སྤངས་ནས། །སེམས་གཙང་དྲང་ལ་གཡོ་སྒྱུ་མ་མཆིས་འགྱུར། །ཇི་ལྟར་སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་རྣམ་གྲོལ་སྐྱེ་འགྱུར་ཞིང་། །ཤེས་རབ་ཉོན་མོངས་མུན་པ་རབ་བཅོམ་ནས། །རྟག་པར་ཐབས་ཆེན་ལ་ནི་གནས་པ་དང་། །ཏིང་འཛིན་གཟུངས་ལ་ཐོགས་པ་མ་མཆིས་ཤིང་། །ཚད་མེད་བཞི་དང་མངོན་ཤེས་ལྔ་ལ་གནས། །ཇི་ལྟར་སངས་རྒྱས་སྤྱན་སྔར་གནས་གྱུར་ནས། །རྟག་པར་རྫུས་ཏེ་སྐྱེ་ཞིང་ཚེ་རབས་དྲན།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh84.html?part=UT22084-044-004-342#UT22084-044-004-342