Degé Kangyur volume 44, F.92.a

ལྗན་ལྗིན་མནམ་པོའི་རྐྱེན་གྱིས་སྲིན་བུ་སྐྱེ་བ་དང་། དཔེར་ན་ཞོ་དང་། སྦྲང་རྩི་དང་། ཆང་མནམ་པོར་གྱུར་པའི་ཕྱིར་སྲོག་ཆགས་སྐྱེ་བར་འགྱུར་རོ། །​སྨན་ཆེན་དེ་བཞིན་དུ་སེམས་ཅན་རྣམས་སེམས་ཅན་དམྱལ་བར་འབྱུང་བར་འགྱུར་རོ། །​དེ་སྐད་ཅེས་བཀའ་སྩལ་ནས། བཟང་སྐྱོང་གིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་ཁ་དོག་གི་རྣམ་པ་ཇི་ལྟ་བུ་ལགས། ལུས་ཀྱི་རྣམ་པ་ནི་ཇི་ལྟ་བུར་འགྲུབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེར་ཁྲག་གི་ནང་དུ་སྐྱེ་བ་གང་ཡིན་པ་དེ་དག་ནི་ཁྲག་གི་མདོག་འདྲ་བར་འབྱུང་བར་འགྱུར་རོ། །​ཆུ་ཀླུང་རྒལ་དུ་མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་དེ་དག་ནི་སྤྲིན་སྔོན་པོའི་ཁ་དོག་ལྟར་འགྱུར་རོ། །​བ་ཚྭ་ཅན་གྱི་ཆུ་ཀླུང་གི་ནང་དུ་སྐྱེ་བ་གང་ཡིན་པ་དེ་དག་ནི་ཤ་གཟི་གུར་འབྱུང་བར་འགྱུར་རོ། །​དེ་དག་གི་ལུས་ནི་རྒྱལ་པོའི་བུ་གཞོན་ནུ་བདེ་དགུར་རིམ་གྲོར་བྱས་པ་ལྟར་གཞོན་ཤ་ཅན་དུ་འགྱུར་རོ། །​བཟང་སྐྱོང་དེ་ན་དེ་དག་ལུས་བོང་ཆེ་བར་འགྱུར་ཏེ། མགོ་བོ་མ་གཏོགས་པར་ཁྲུ་བརྒྱད་པར་འགྱུར་རོ། །​སེན་མོ་རིང་ཞིང་ཁ་སྤུ་ཡོད་ལ་སྤུན་པོར་འགྱུར་ཞིང་རྐང་ལག་མི་སྡུག་པར་འགྱུར་ཏེ། གལ་ཏེ་འཛམ་བུའི་གླིང་པའི་མི་སེམས་ཅན་དམྱལ་བ་པའི་མི་ལ་ལྟར་འགྲོ་ན་མཐོང་མ་ཐག་ཏུ་འཆི་བའི་ཆོས་དང་ལྡན་པར་འགྱུར་རོ། །​བཟང་སྐྱོང་གཞན་ཡང་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཁ་ཟས་ཟ་མོད་ཀྱི་དེ་དག་ལ་བདེ་བར་འགྱུར་བ་ཅུང་ཟད་ཀྱང་མེད་དོ། །​དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་སེམས་ཅན་དེ་དག་ཁ་ཟས་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་སེམས་ཅན་དམྱལ་བ་དེ་ན་དེ་དག་ཡོངས་སུ་འཁྱམ་ལ་ཤིན་ཏུ་རྒྱང་རིང་བ་ནས་ཟངས་དང་ར་གན་དམར་པོར་སྣང་བ་མཐོང་བར་འགྱུར་ཏེ། དེ་དག་མཐོང་ནས་ཁ་ཟས་ཀྱི་ཚིག་རྗོད་པར་བྱེད་དེ། ཁ་ཟས་འདོད་པ་ཁྱེད་ཚུར་ཤོག་ཅེས་ཟེར་རོ། །​དེ་དག་ཀུན་ནས་འཕུངས་ཏེ་སྙིམ་པ་བཟེད་ནས་ཟངས་དང་ར་གན་བསྐོལ་བ་ག་ལ་བ་དེར་དོང་སྟེ་ལྷགས་ནས་སྙིམ་པ་བཟེད་ཅིང་ཟངས་དང་ར་གན་བསྐོལ་བའི་ཁ་ཟས་དེ་དག་འདོད་པས་ཁ་གདངས་ཏེ་ཟངས་དང་ར་གན་ཟ་བར་བྱེད་དོ། །​དེ་དག་ཟངས་དང་ར་གན་རབ་ཏུ་འབར་བ་དེས་སུ་རུ་རུར་རབ་ཏུ་འབར་ཞིང་ཁོག་པ་རབ་ཏུ་འབར་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh83.html?part=UT22084-044-003-277#UT22084-044-003-277