Degé Kangyur volume 44, F.91.b

།སྨན་ཆེན་དཔེར་ན་རྐང་ལག་མཉམ་པ་དང་ལྡན་པའི་གཟུགས་ཆུའི་སྟེང་དུ་བབ་པ་དེ་ལ་ནི་དྲོ་བ་འམ། གྲང་བ་འམ། ལུས་ངལ་བར་འགྱུར་བ་མེད་ཅིང་ལུས་དེ་ལ་ནི་ཤའི་དུམ་བུ་ཡང་མེད་དོ། །​གྲིབ་མ་དེ་ལ་ནི་ཁམས་ཀྱིས་བླངས་པ་ཡང་མེད་དོ། །​མིའི་གཟུགས་བརྙན་ཆུའི་ནང་དུ་བྱུང་བ་དེ་ལས་ནི་སྡུག་བསྔལ་བའི་སྒྲ་འམ། བདེ་བའི་སྒྲ་འབྱུང་བ་ཡང་མེད་དོ། །​དེ་བཞིན་དུ་རྣམ་པར་ཤེས་པ་དང་པོ་ཤི་འཕོས་ནས་ལུས་ཀྱི་ཁོག་པ་བོར་ཏེ་གཟུགས་བརྙན་གྱི་རྣམ་པ་ལྟ་བུར་འགྱུར་རོ། །​སྨན་ཆེན་དེ་ལྟར་ན་རྣམ་པར་ཤེས་པ་བསོད་ནམས་སུ་ཉེ་བར་འགྲོ་བ་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡོངས་སུ་ལེན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པ་སེམས་ཅན་དམྱལ་བ་རྣམས་སུ་ཇི་ལྟར་སྐྱེ་བ་ཡོངས་སུ་ལེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ཡོངས་སུ་ལེན་པ་དེ་ཉོན་ཅིག །​སྨན་ཆེན་འདི་ལ་སེམས་ཅན་ལས་མི་དགེ་བས་ཡོངས་སུ་ཟིན་པ་ནི་སེམས་ཅན་གྱི་རིས་ནས་འཆི་འཕོ་སྟེ། ཤི་འཕོས་པ་དེ་འདི་སྙམ་དུ་མི་དེ་ནི་ང་ཉིད་ཡིན་ཏེ། སེམས་ཅན་དམྱལ་བ་འདི་ནས་ཤི་འཕོས་སོ། །​འདི་གཉིས་ནི་བདག་གི་ཕ་མ་ཡིན་ནོ་སྙམ་དུ་དྲན་པ་སྐྱེའོ། །​ཤི་འཕོས་པ་དེའི་ལུས་དེ་ནི་ཐ་མལ་པའི་གཟུགས་ཀྱི་རང་བཞིན་གྱི་རྣམ་པ་དང་ལྡན་པར་འགྱུར་ཏེ། ཡན་ལག་སྐྱེས་པ་རྣམས་ཀྱང་དེ་དང་འདྲ་བ་ཉིད་དུ་སྣང་ངོ་། །​དང་པོ་ཤི་འཕོས་པ་དེ་མྱ་ངན་གྱིས་གཡེངས་ནས་སེམས་ཅན་དམྱལ་བ་སྣ་ཚོགས་སྣང་བ་མཐོང་ངོ་། །​རྣམ་པར་ཤེས་པ་དང་པོ་ཤི་འཕོས་པ་དེའི་ལས་སེམས་ཅན་དམྱལ་བ་དང་འབྲེལ་བར་འགྱུར་ཏེ། ཕྱོགས་ཁ་ཅིག་ན་ནི་སེམས་ཅན་དམྱལ་བའི་ས་གཞི་ཁྲག་གིས་གཏོར་བ་མཐོང་ནས་དེ་དེར་ཆགས་པ་སྐྱེད་པར་འགྱུར་རོ། །​དེ་ཆགས་པར་གྱུར་ནས་སེམས་ཅན་དམྱལ་བའི་ལུས་འགྲུབ་པར་འགྱུར་ཏེ། དེའི་རྣམ་པར་ཤེས་པ་དེ་ལས་ཀྱི་རྐྱེན་གྱི་དབང་གིས་ཆུའི་རྗེན་ཤུལ་ཤིན་ཏུ་རུལ་ཅིང་མཆོག་ཏུ་དྲི་མི་ཞིམ་པ་མནམ་པའི་ནང་དུ་ལུས་སྐྱེ་བ་ཡོངས་སུ་ལེན་ཏེ། དཔེར་ན་མི་གཙང་བ་དང་། ལྗན་ལྗིན་མནམ་པོའི་རྐྱེན་གྱིས་སྲིན་བུ་སྐྱེ་བ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh83.html?part=UT22084-044-003-276#UT22084-044-003-276