Degé Kangyur volume 44, F.79.a

གང་གི་དབང་གིས་གཟུགས་བརྙན་དེ་དམིགས་པར་འགྱུར། བཟང་སྐྱོང་གིས་གསོལ་པ། མིའི་དབང་པོའི་གཟུགས་བརྙན་གདའ་སྟེ། དེ་ཡང་མེ་ལོང་གི་རྐྱེན་གྱིས་བཞིན་གྱི་གཟུགས་བརྙན་གདའ་ལ། བཞིན་གྱི་མདོག་ཅི་འདྲ་བ་དང་། དབང་པོ་མ་ཚང་བའམ། དབང་པོ་ཚང་བ་དེ་ཉིད་ཀྱི་གཟུགས་བརྙན་འབྱུང་ལགས་སོ། །​བཟང་སྐྱོང་ཇི་ལྟར་ལུས་ཀྱི་དབང་དང་། མེ་ལོང་གི་དཀྱིལ་འཁོར་གྱི་རྐྱེན་གྱིས་གཟུགས་བརྙན་འགྲུབ་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་དབང་གིས་ལུས་འདི་ཚོར་བ་མྱོང་ཞིང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ཡིད་ལ་བྱེད་པ་འགྲུབ་པར་བྱེད་དོ། །​དེ་ལ་མེ་ལོང་གང་ཡིན་པ་དེ་ནི་ཕ་མ་དང་ཕྲད་པ་ལྟ་བུར་བལྟའོ། །​ཇི་ལྟར་ལུས་མི་སྣང་ན་གཟུགས་བརྙན་མི་སྣང་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གྱི་རང་བཞིན་ཡོད་པ་སྤངས་ནས་ཡང་ཆུའི་ནང་དུ་གཟུགས་བརྙན་འབྱུང་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་ཡོངས་སུ་བཏང་སྟེ། ལུས་ཀྱི་རང་བཞིན་འཕངས་ནས་ཕུང་པོ་གཞན་འཐོབ་པར་འགྱུར་རོ། །​དཔེར་ན་ས་བོན་གྱི་ཁམས་ཆུང་ངུ་ཟིན་ཀྱང་ཤིང་ནྱ་གྲོ་དྷ་དང་། ཨུ་དུམ་བ་ར་ལ་སོགས་པའི་ཤིང་གི་ཕུང་པོ་ཆེན་པོ་བསྐྱེད་ནས་ཡང་ཤིང་དེ་ཡོངས་སུ་བཏང་སྟེ། ཤིང་གཞན་འཛིན་ལ་ས་བོན་གྱི་ཁམས་ཡོངས་སུ་བཏང་བ་ན་དུས་བཟློག་པར་གྱུར་པས་ཤིང་དེའི་ཁམས་ཀྱི་བཅུད་མེད་པར་འགྱུར་རོ། །​ཁམས་ཀྱི་བཅུད་རྣམས་མེད་པར་གྱུར་པས་ཤིང་དེ་ཡོངས་སུ་རྙིངས་ཤིང་ཡོངས་སུ་སྐམ་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ཕྲ་ཞིང་མི་གསལ་བ་འདིས་ཀྱང་ལུས་རྣམས་བསྐྱེད་ནས་ཡང་ཡོངས་སུ་བཏང་སྟེ། ལུས་གཞན་དག་སྒྲུབ་པར་བྱེད་དོ། །​དཔེར་ན་ནས་དང་། ཏིལ་དང་། གྲོ་དང་། མོན་སྲན་གྲེའུ་དང་། མོན་སྲན་སྡེའུ་ལ་སོགས་པའི་ས་བོན་ཅུང་ཟད་གང་ན་ཡོད་པ་དེར་ཅུང་ཟད་སེམས་པ་ལྟ་བུར་གནས་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་སེམས་ཅན་གྱི་རིས་གང་དང་གང་དུ་འཕོ་བ་དེ་དང་དེར་སེམས་པ་ཡོངས་སུ་བཟུང་ཞིང་ཚོར་བ་ཆུང་ངུ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པ་རྗེས་སུ་བཟུང་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh83.html?part=UT22084-044-003-251#UT22084-044-003-251