Degé Kangyur volume 44, F.78.b

མྱུ་གུ་དེའི་ས་བོན་སྡོང་བུ་འམ། ལོ་མ་འམ། སྦུབས་གང་ལ་གནས། ས་བོན་ནི་ཤིང་གི་རྩེ་མོ་ན་ཡང་མི་གནས་སོ། །​དེ་བཞིན་དུ་ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། མིག་ལ་ཡང་མ་ཡིན། རྣ་བ་ལ་ཡང་མ་ཡིན། སྣའི་དབང་པོ་ལ་ཡང་མ་ཡིན་ནོ། །​ས་བོན་གྱི་མྱུ་གུ་སྐྱེ་བ་གང་ཡིན་པ་དེ་ནི་སེམས་པ་ཆུང་བ་ཡིན་ནོ། །​མངལ་དུ་སྐྱེ་བ་དེ་ནི་ཚོར་བ་ཆུང་བ་ཡིན་ཏེ། དཔེར་ན་མྱུ་གུ་འབྱུང་ཞིང་དུས་ཚིགས་དང་ལྡན་པ་ན་མེ་ཏོག་རྣམས་འགྲུབ་སྟེ། མེ་ཏོག་གྲུབ་ན་འབྲས་བུ་འགྲུབ་པ་ཡོད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ལུས་འགྲུབ་པར་འགྱུར་རོ། །​ལུས་གྲུབ་པ་ན་ཡན་ལག་དང་ཉིང་ལག་གང་ལ་ཡང་རྣམ་པར་ཤེས་པ་མི་གནས་ལ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུར་རོ། །​དཔེར་ན་ཤིང་ཡོངས་སུ་སྨིན་པ་ལས་ས་བོན་འབྱུང་ལ་ཡོངས་སུ་མ་སྨིན་པ་ལས་མ་ཡིན་པ་དེ་བཞིན་དུ་འཆི་བའི་དུས་ཀྱི་ཚེ་ལུས་ལས་རྣམ་པར་ཤེས་པ་འདི་སྣང་བར་འགྱུར་ཏེ། ཚོར་བ་དང་མཚུངས་པར་ལྡན་པ། སྲེད་པས་བསྡམས་པ། དྲན་པས་ཡོངས་སུ་བཟུང་བ། དགེ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པ། མི་དགེ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པ། རླུང་གི་ཁམས་ཀྱིས་ཡོངས་སུ་ཟིན་པ། ཤེས་པས་མངོན་པར་བརླན་པ། རྐྱེན་ལ་མངོན་དུ་ཕྱོགས་པའི་རྣམ་པར་ཤེས་པ་ནི་ཕ་མ་ཕྲད་པ་ན་སྐྱེ་བར་འགྱུར་རོ། །​དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཕྱིས་པ་ལ་བཞིན་གྱི་གཟུགས་བརྙན་སྣང་གི །​བཞིན་མེད་པར་གཟུགས་བརྙན་མི་འབྱུང་ལ། མེ་ལོང་མེད་པར་ཡང་གཟུགས་བརྙན་མི་འབྱུང་སྟེ། ཇི་ལྟར་བཞིན་དང་མེ་ལོང་ཕྲད་པ་ལས་གཟུགས་བརྙན་འབྱུང་བར་འགྱུར་ཞིང་གཟུགས་བརྙན་དེ་ཡང་གཟུགས་ཅན་མ་ཡིན་ལ། དེ་ལ་ཚོར་བ་དང་རབ་ཏུ་ཤེས་པ་ཡང་མེད་དེ། ལུས་གང་དང་གང་དུ་བསྐྱོད་པ་དེ་དང་དེ་ཉིད་དུ་གཟུགས་བརྙན་འཕོ་ཞིང་ཇི་ལྟ་བུར་ལུས་སྨྲ་བ་དང་། འབོད་པ་དང་། འགྲོ་བ་དང་། བསྐུམ་པ་དང་། བརྐྱང་བར་བྱེད་པ་དེ་བཞིན་དུ་བཞིན་གྱི་གཟུགས་བརྙན་ཡང་འགྱུར་བར་སྣང་ངོ་། །​བཟང་སྐྱོང་འདི་ཇི་སྙམ་དུ་སེམས། གང་གི་དབང་གིས་གཟུགས་བརྙན་དེ་དམིགས་པར་འགྱུར།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh83.html?part=UT22084-044-003-250#UT22084-044-003-250