Degé Kangyur volume 15, F.37.a

ཡོངས་སུ་མྱི་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དེ་བཞིན་ཉིད་ཡོངས་སུ་མི་འཛིན་པ་དང་། མ་ནོར་བ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཀྱི་གནས་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་སྐྱོན་མྱེད་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཡང་དག་པའི་མཐའ་ཡོངས་སུ་མྱི་འཛིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ཞིག །​ཅིའི་ཕྱིར་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བགྱི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདི་ལྟར་ཆོས་གང་ཡོད་པ་མ་ཡིན་ཞིང་མྱི་དམྱིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་རྣམས་མྱེད་ཅིང་མྱི་དམྱིགས་པ་ཡིན། །​རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6721#UT22084-014-001-6721