Degé Kangyur volume 14, F.371.a

ཚོར་བ་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཚོར་བ་མ་ལགས། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚོར་བའོ། །​སྲེད་པ་སྲེད་པས་སྟོང་སྟེ། སྲེད་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྲེད་པ་མ་ལགས། སྲེད་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སྲེད་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྲེད་པའོ། །​ལེན་པ་ལེན་པས་སྟོང་སྟེ། ལེན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ལེན་པ་མ་ལགས། ལེན་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ལེན་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ལེན་པའོ། །​སྲིད་པ་སྲིད་པས་སྟོང་སྟེ། སྲིད་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྲིད་པ་མ་ལགས། སྲིད་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སྲིད་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྲིད་པའོ། །​སྐྱེ་བ་སྐྱེ་བས་སྟོང་སྟེ། སྐྱེ་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྐྱེ་བ་མ་ལགས། སྐྱེ་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སྐྱེ་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྐྱེ་བའོ། །​རྒ་ཤི་རྒ་ཤིས་སྟོང་སྟེ། རྒ་ཤིའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྒ་ཤི་མ་ལགས། རྒ་ཤི་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྒ་ཤིའོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་ལ་གནས་པར་མྱི་བགྱིའོ། །​འདུ་བྱེད་ལ་གནས་པར་མྱི་བགྱིའོ། །​རྣམ་པར་ཤེས་པ་ལ་གནས་པར་མྱི་བགྱིའོ། །​མྱིང་དང་གཟུགས་ལ་གནས་པར་མྱི་བགྱིའོ། །​སྐྱེ་མཆེད་དྲུག་ལ་གནས་པར་མྱི་བགྱིའོ། །​རེག་པ་ལ་གནས་པར་མྱི་བགྱིའོ། །​ཚོར་བ་ལ་གནས་པར་མྱི་བགྱིའོ། །​སྲེད་པ་ལ་གནས་པར་མྱི་བགྱིའོ། །​ལེན་པ་ལ་གནས་པར་མྱི་བགྱིའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6603#UT22084-014-001-6603