Degé Kangyur volume 14, F.366.a

ལྟ་བུ་མཐོང་བའི་སླད་དུ། དེ་སྐད་དུ་བདག་གིས་ཆོས་ཐམས་ཅད་ཀྱི་འཕེལ་བ་དང་འགྲིབ་པ་མ་མཐོང་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་མྱིང་དུ་གདགས་པ་ནི་བདག་གི་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ལྟར་མྱིང་དེ་ནི་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མྱིང་དེ་ནི་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་པའོ། །​བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དེ། རྣམ་པ་འདི་དག་དང་། ཚུལ་འདི་དག་དང་། མཚན་མ་འདི་དག་གིས་བསྟན་པའི་ཚེ། སེམས་ཞུམ་པར་མྱི་འགྱུར་ཡོངས་སུ་ཞུམ་པར་མི་འགྱུར་ཞིང་། འགྱོད་པ་མ་མཆིས་ལ་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་རྟོགས་པར་བགྱི་སྟེ། གནས་པ་ཞེས་བགྱི་བ་ནི་གནས་པ་མ་མཆིས་པའི་ཚུལ་ལོ། །​བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་གནས་པར་མྱི་བགྱིའོ། །​དེས་ཚོར་བ་ལ་གནས་པར་མྱི་བགྱིའོ། །​དེས་འདུ་ཤེས་ལ་གནས་པར་མྱི་བགྱིའོ། །​དེས་འདུ་བྱེད་ལ་གནས་པར་མྱི་བགྱིའོ། །​དེས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །​དེས་མྱིག་ལ་གནས་པར་མྱི་བགྱིའོ། །དེས་རྣ་བ་ལ་གནས་པར་མྱི་བགྱིའོ། །​དེས་སྣ་ལ་གནས་པར་མི་བགྱིའོ། །​དེས་ལྕེ་ལ་གནས་པར་མྱི་བགྱིའོ། །​དེས་ལུས་ལ་གནས་པར་མྱི་བགྱིའོ། །​དེས་ཡིད་ལ་གནས་པར་མྱི་བགྱིའོ། དེས་གཟུགས་ལ་གནས་པར་མྱི་བགྱིའོ། །​དེས་སྒྲ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6593#UT22084-014-001-6593