Degé Kangyur volume 14, F.332.a

མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །​དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་རང་བྱང་ཆུབ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །​ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞལ་ནས་བྱུང་བ་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་པ་ཆོས་ཀྱི་བགོ་སྐལ་བ་ཟང་ཟིང་གི་བགོ་སྐལ་བ་མ་ཡིན་པ་ཆོས་རྣམས་ལ་མངོན་སུམ་གྱི་མྱིག་དང་ལྡན་པ། ལུས་མངོན་དུ་གྱུར་པ་སྟེ། ཉན་ཐོས་ཉོན་མོངས་པ་མྱེད་པར་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ། །​ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་ཡང་འདི་ལས་ཡོངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6526#UT22084-014-001-6526