Degé Kangyur volume 14, F.23.b

དབང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་བསྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ། དེ་དག་བལྟ་བའི་སླད་དུ་མཆིའོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སོང་ཤིག །​དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་ལ། པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཅིག །​ངའི་ཚིག་གིས་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་ཀྱང་ཞུས་ཤིག །​རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །​དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མགུ་བར་དཀའ་བ་ཡིན་གྱིས། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་བྱིན་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་དེ་ལས་པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་ཁྱེའུ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-5918#UT22084-014-001-5918