Degé Kangyur volume 14, F.204.b

ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་ཞེས་བྱ་བར་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། །​མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཐ་སྙད་ཀྱིས་གདགས་པ་སྟེ། མགོའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། མཇིང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། ཕྲག་པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔུང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། ཚིགས་པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྩིབ་མའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔྱིའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། བརླའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྗེ་ངར་གྱི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྐང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དེ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མགོའི་རུས་པ་ཞེས་བྱ་བ་དང་། མཇིང་པའི་རུས་པ་ཞེས་བྱ་བ་དང་། ཕྲག་པའི་རུས་པ་ཞེས་བྱ་བ་དང་། དཔུང་པའི་རུས་པ་ཞེས་བྱ་བ་དང་། ཚིགས་པའི་རུས་པ་ཞེས་བྱ་བ་དང་། རྩིབ་མའི་རུས་པ་ཞེས་བྱ་བ་དང་། དཔྱིའི་རུས་པ་ཞེས་བྱ་བ་དང་། བརླའི་རུས་པ་ཞེས་བྱ་བ་དང་། རྗེ་ངར་གྱི་རུས་པ་ཞེས་བྱ་བ་དང་། རྐང་པའི་རུས་པ་ཞེས་བྱ་བར་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམིགས་སོ། །​རབ་འབྱོར་དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་དུ་བྱ་བ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6273#UT22084-014-001-6273