Degé Kangyur volume 14, F.198.a

ཤིན་ཏུ་རྣམ་པར་ཕྱེ་བ་མདངས་དགའ་ཞིང་ཡིད་དུ་འོང་བར་རེད་དེ་འདུག་གོ །​དེ་ནས་འཁོར་དེའི་ནང་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྟན་ལས་ལངས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གང་བརྙེས་པར་གྱུར་པའི་ཆོས་ཀྱི་རྣམ་པ་དེ་ལྟ་བུ་ཐམས་ཅད་ཐོབ་པར་གྱུར་ཏེ། ཉན་ཐོས་ཀྱི་དགེ་འདུན་འདི་ལྟ་བུ་ནི་ཡོངས་སུ་བསྡུ་བར་བགྱིའོ། །​ད་ལྟར་འདིར་དེ་བཞིན་གཤེགས་པས་ཆོས་ཇི་ལྟར་བསྟན་པ་དེ་བཞིན་དུ་འཁོར་འདི་དང་འདྲ་བར་ནི་ཆོས་བསྟན་པར་བགྱིའོ་ཞེས་སྨོན་ལམ་བཏབ་བོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མྱེད་པ་ལ་བཟོད་པར་གྱུར་པར་མཁྱེན་ནས། ཞལ་འཛུམ་པ་མཛད་དོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​དེ་དག་ནི་མ་འོངས་པའི་དུས་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ན། བསྐལ་པ་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6260#UT22084-014-001-6260