Degé Kangyur volume 14, F.20.b

ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང་། སྤོས་དང་བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པ་བྱེད་ཅིང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །​ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་། དགྱེས་པར་སྤྱོད་དམ། ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་གྱིས། བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། པདྨོ་དེ་དག་བཞེས་ནས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །​དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། འདི་ལྟར་ཕ་རོལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-5912#UT22084-014-001-5912