Degé Kangyur volume 14, F.189.a

པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་ཞལ་འཛུམ་པ་མཛད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་ནི་བསྐལ་པ་དྲུག་ཅུ་རྩ་གཅིག་འདས་ནས། བསྐལ་པ་དཔེ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་ངོ་། འདི་དག་ནི་འདི་ནས་ཤི་འཕོས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་སྒུལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེའོ། །​འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་པར་འགྱུར་རོ། །​དེ་ཉིད་དུ་རབ་ཏུ་བྱུང་ནས་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །​དེ་ནས་སངས་རྒྱས་ཀྱི་མཐུས་དེའི་ཚེ་འཁོར་བཞི་པོ་དེ་དག་ནི་འདི་ན་འཁོད་བཞིན་དུ། ཤར་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​ལྷོ་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​བྱང་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​འོག་གི་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །​སྟེང་གི་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6242#UT22084-014-001-6242