Degé Kangyur volume 14, F.188.a

ཚུལ་ཁྲིམས་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​བཟོད་པ་ཕུན་སུམ་ཚོགས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ཁྲོ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །བརྩོན་འགྲུས་བརྩམས་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ལེ་ལོ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​མཉམ་པར་བཞག་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​མཉམ་པར་མ་བཞག་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ཤེས་རབ་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ཤེས་རབ་འཆལ་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །​སྤྱོས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​རིམ་གྲོ་མ་བྱས་སོ་ཞེས་བྱ་རབ་རློམ་སེམས་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མ་སྐྱེས་པ་ནི་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །​ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །​རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །​རིམ་གྲོ་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིར་ཏེ། འདི་ལ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6240#UT22084-014-001-6240