Degé Kangyur volume 14, F.172.a

ཐོས་ཀྱི་ཐེག་པ་ལ་དམྱིགས་པ་མེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་དམིགས་པ་མྱེད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་དམྱིགས་པ་མེད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་དམྱིགས་པ་མེད་པར་གྱུར་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ལ་དམྱིགས་པ་མྱེད་ཅིང་བླང་བ་མྱེད་པ་དང་། དོར་བ་མྱེད་པའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་དེ་ལྟ་བུས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པ་དེ་དག་ནི་སུས་ཀྱང་ཐུབ་པ་མེད་དོ། །​གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པའི་རྣམས་ཐུབ་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རློམ་སེམས་མྱེད་པ་དང་། ཚོར་བ་ལ་རློམ་སེམས་མྱེད་པ་དང་། འདུ་ཤེས་ལ་རློམ་སེམས་མེད་པ་དང་། འདུ་བྱེད་ལ་རློམ་སེམས་མེད་པ་དང་། རྣམ་པར་ཤེས་པ་ལ་རློམ་སེམས་མེད་པ་དང་། མྱིག་དང་གཟུགས་ལ་རློམ་སེམས་མྱེད་པ་དང་། རྣ་བ་དང་སྒྲ་ལ་རློམ་སེམས་མྱེད་པ་དང་། སྣ་དང་དྲིལ་རློམ་སེམས་མེད་པ་དང་། ལྕེ་དང་རོལ་རློམ་སེམས་མེད་པ་དང་། ལུས་དང་རེག་ལ་རློམ་སེམས་མེད་པ་དང་། ཡིད་དང་ཆོས་ལ་རློམ་སེམས་མེད་པ་དང་། སའི་ཁམས་ལ་རློམ་སེམས་མེད་པ་དང་། ཆུའི་ཁམས་ལ་རློམ་སེམས་མྱེད་པ་དང་། མྱེའི་ཁམས་ལ་རློམ་སེམས་མེད་པ་དང་། རླུང་གི་ཁམས་ལ་རློམ་སེམས་མེད་པ་དང་། ནམ་མཁའི་ཁམས་ལ་རློམ་སེམས་མེད་པ་དང་། རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། མིག་གི་ཁམས་ལ་རློམ་སེམས་མེད་པ་དང་། གཟུགས་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6208#UT22084-014-001-6208